Sunday, 7 June 2020

སྙན་ངག་གི་གཞུང་འདི་ སྦྱངས་དགོ་པའི་སྐོར།

༄༅། །རྗེ་ཙོང་ཁ་པས་ རིག་རྣམ་པར་འབྱེད་པའི་རྣམ་དཔྱོད་དང་།།གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།།ཚིག་སྦྱོར་ཚུལ་ལ་མཁས་པའི་དབང་གི་དཔལ།།ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།། ཟེར་གསུངས་ཡོདཔ་བཞིན་དུ་ བརྗོད་བྱའི་དོན་གསལ་ཞིང་རྗོད་བྱེད་ཀྱི་ཚིག་རྣ་བར་ཧན་པའི་གུ་ འཇམ་པའི་ཚིག་སྦྱོར་ཡིད་དུ་འོང་བ་ཅིག་ལུ་ སྙན་ངག་ཟེར་སླབ་ཨིན། དཔག་བསམ་འཁྲི་ཤིང་ལས་ མཁས་པ་ཉིད་ནི་མེད་ན་བློ་གྲོས་རྣམས་ཉམས་མི་རྣམས་འཚོ་བ་དོན་ཡོད་མིན།།མཚུངས་མེད་རྒྱས་པའི་སྙན་ངག་མེད་ན་མཁས་པ་ཉིད་ནི་ནེ་ཙོའི་ཀློག་དང་མཚུངས།། ཟེས་གསུང་ཡོདཔ་བཞིན་ མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལས་ རྩོམ་པ་བཟང་ངན་ སྙན་ངག་ཤེས་མི་ཤེས་ཀྱི་རྗེས་སུ་བལྟ་བ་ཅིན་ བརྗོད་ཚུལ་ཐ་མ་ཅིག་ལས་ཁྱད་པར་འཕགས་པའི་སྙན་ངག་གི་ཉམས་དང་ལྡན་པའི་ཚིག་སྦྱོར་ལུ་མ་མཁས་ན་ ཤེས་བྱའི་གནས་གཞན་ཁར་ག་དེམ་ཅིག་མཁས་རུང་ ངག་གི་སྦྱོར་བ་ཕུན་སུམ་ཚོགས་པའི་བསྟན་བཅོས་ཚུ་ འཆད་རྩོམ་འབད་མི་ཚུགསཔ་ལས་ མཁས་པའི་དབང་པོ་ཚུ་གིས་བསྟོད་བསྔགས་ཀྱི་ཡུལ་ལུ་མི་འགྱུར་ནི་ཨིན། ཟུར་མཁར་བློ་གྲོས་རྒྱལ་པོས་ རྒྱལ་པོ་ལང་ཚོས་དྲེགས་གྱུར་ཀྱང་།།རྒྱན་མེད་པ་ན་སྐྱེ་བོས་གླེང་།།དེ་བཞིན་སྙན་ངག་མི་ལྡན་པའི།།བསྟན་བཅོས་མཁས་ལ་རྩིས་སུ་མེད།། ཟེས་སྙན་ངག་མ་ཤེས་པའི་སྐྱོན་དང་ གོང་གི་དོན་འདི་ཚུ་ལས་ལྡོག་པ་ནི་སྙན་ངག་ཤེས་པའི་ཁེ་ཕན་ཨིནམ་སྦེ་གསུང་ནུག། 

སྙན་ངག་གི་ཚིག་རྒྱན་སྦྱོར་ཚུལ་ལེགས་ཤོམ་སྦེ་ཤེས་པ་ཅིན་ སྔོན་རབས་ཀྱི་ལོ་རྒྱུས་དང༌ རིག་གཞུང་གྱི་རྩོམ་ཚུ་ ཚིག་དོན་ཡིད་འཕྲོག་པའི་ཐོག་ལས་བཤད་པ་རྐྱབ་ཚུགས་ནི་དང༌ སྤྱི་ཚོགས་ཀྱི་སྟེང་ལུ་ མི་བཟང་དང་དོན་བཟང་ཟེར་གྲགས་པའི་གནས་སུ་ཚུདཔ་མ་ཚད་ སྐྱེ་བོ་མང་པོའི་བར་ལུ་ རིག་གནས་ལས་བརྩམས་ཏེ་གཞུང་བཤད་ནི་དང༌ སློབ་ཕྲུག་རྣམས་ལུ་ལམ་སྟོན་འབད་ནི་ གཞན་གྱིས་དགག་སྒྲུབ་རྩོད་གླེང་ལུ་ཁུངས་སྐྱེལ་ནི་ ཐ་ན་གྲོགས་ཕན་ཚུན་མཉམ་དུ་ ལེགས་པའི་སྟུན་འགྲོས་དང་ བཤད་འཐོ་བརྡལ་ནི་ཚུན་གྱི་ཚིག་སྦྱོར་སྤེལ་བའི་སྐབས་ཡང༌ རང་ཚིག་སྔ་ཕྱི་འབྲེལ་ཆགས་པ། ཚིག་དོན་གྱི་ཆ་ལ་སྐྱོན་མེད་པ། བློ་མཆོག་དམན་ཀུན་གྱིས་གོ་སླ་བ། དམངས་ཁར་སླབ་མ་རུང་བའི་གྲོང་ཚིག་དང་ཕལ་སྐད་ཀྱིས་མ་བསླད་པར་ ཚིག་སྦྱོར་ཕུན་སུམ་ཚོགས་ཏོག་ཏོ་ཀྱི་གོ་ལས་ ཁྱད་ཆོས་ག་ར་ཚངམ་སྦེ་སླབ་ཚུགས་ནི་ཨིནམ་ལས་ སྙན་ངག་གི་ཉམས་འཁྲུལ་མེད་ཀྱི་ཁེ་ཕན་ཡོད། དཔེར་ན། གཞན་སེམས་དགའ་ཅུག་ནིའི་ཕྱིར་དུ་ དགོད་འབྲོའམ་ཧ་ལས་པའི་གཏམ་སླབ་ད་ ཐོས་པ་ཙམ་གྱིས་འཛུམ་དམུལ་དམུལ་འབད་ནི་དང་ དེ་བཞིན་དུ་ གཞན་དཔའ་ཞུམ་བཅུག་ནིའི་ཕྱིར་དུ་ འཇིགས་སྣང་དང་མ་སྙན་པའི་གཏམ་སོགས་སླབ་པའི་ནམ་དུས་ལུ་ འདར་སིག་འབད་བ་སོགས་ནི་ སྙན་ངག་གི་ཚིག་སྦྱོར་ལག་ལེན་ཐབ་ཚུལ་ཚུ་ལུ་རག་ལསཔ་ཨིན། 

སྙན་ངག་གི་གཞུང་འདི་མ་སྦྱངས་ན་ རང་གིས་བློ་རིག་ལས་ཤར་ཏེ་བསྟན་བཅོས་སོགས་ཇི་བཞིན་རྩོམ་ཚུལ་མི་ཤེསཔ་མ་ཚད་ གལ་སྲིད་རྩོམ་རུང་ཡང་ ཚིག་རྒྱན་སྦྱོར་ཚུལ་གྱི་རྣམ་གཞག་མ་ཤེས་པའི་དབང་གིས་ སྙན་ངག་གི་མཚན་ཉིད་ཚང་བ་ཞིག་གཏན་ནས་མི་འབྱུང་ནི་དང་ གཞན་གྱིས་བརྩམས་པའི་བསྟན་བཅོས་སྙན་ངག་གི་རྒྱན་དང་སྦྱོར་བ་རྣམས་ཀྱི་ཚིག་དོན་ཚུ་ བཤད་པ་བརྐྱབ་མི་ཚུགས་ནི་ཨིནམ་མ་ཚད་ སྟབས་ཉེས་ན་ཚིག་དོན་གྱི་གོ་བ་འཛོལ་སྟེ་འགྲེལ་པ་རྐྱབ་ནིའི་གནོད་ཉེན་ཆེཝ་མ་ཚད་ གཞན་ཡང་སྙན་ངག་གི་ཚིག་རྒྱན་མེད་པའི་གྲོང་ཚིག་ཕལ་པའི་བསྟན་བཅོས་པོ་ཏི་བཟུམ་ཅིག་ལུ་རང་མི་མཁས་ནི་ཨིན། མདོར་ན་ འཇིག་རྟེན་འདིར་རྩེད་མོའི་ཕྱིར་ གླུ་གཞས་ཤིག་འཐེན་རུང་ཡང༌ སྙན་ངག་གི་ཉམས་ཡོད་པའི་ཚིག་རྒྱན་བཙུགས་ཏེ་ ཕལ་ཆེ་བ་མང་ཚོགས་ཤོས་ཀྱིས་བསྟོད་བསྔགས་ཆེས་ཆེར་བརྗོད་དེ་ སེམས་སྤྲོ་འཕེལ་མངོན་སུམ་དུ་གྲུབ་ལས་ སྙན་ངག་ཤེསཔ་དང་མ་ཤེས་པའི་ཁེ་ཕན་དང་སྐྱོན་ནི་ སྦོམ་རང་མཐོང་ཚུགསཔ་ཨིན། 

སྙན་ངག་གི་གཞུང་གིས་ མ་རིག་རྨོངས་པའི་ཚིག་ངན་ཚུ་ རིམ་བཞིན་རང་གི་ཁོངས་ལས་ཡལ་ཏེ་ སྙན་པའི་ཕུན་ཚོགས་ཀྱི་ཚིག་གང་མང་ལུ་ གོམ་གཤིས་ཚུད་དེ་ ཡུལ་གོང་མ་རྣམས་ལུ་གུས་པའི་ཚིག་གིས་བཆོད་ མར་ཆུང་བ་ཚུ་ལུ་བྱམས་སྙིང་ཚིག་གིས་བསུ་ རང་དང་མཉམ་མཉམ་ལུ་ བློ་གཏད་བརྗོད་པའི་ཚིག་གི་མེ་ཏོག་གཏོར་བའི་འབྲས་བུ་གིས་ ཚེ་ད་རེས་ལམ་འགྲོ་བཟང་ཞིང་ ཕྱི་མ་ཡང་དག་བདེ་བའི་གོ་འཕང་ཐོབ་ཚུགས་པའི་ཁེ་ཕན་ཀྱང་ཚད་མེད་ཡོདཔ་ཨིན། སྙན་ངག་མེ་ཏོག་གི་ཟིལ་མངར་འཐུང་ཞིང་ འཇིག་རྟེན་འདི་ནང་ཡོད་པའི་ རེག་འཇམ་གོས་དང་ས་ཆའི་བཀོད་པ་ རོ་མངར་བཟའ་འཐུང་བདུད་རྩི་རྣམས་དང་ དྲི་ཞིམ་སྤོས་བསུང་སྣ་ཡི་བཅུད་ལེན་ དཀར་དམར་ལག་ཚོ་མིག་གི་དགའ་སྟོན་ འདོད་རྒུའི་ལོགས་སྤྱོད་པདྨའི་དཀྱིལ་འཁོར་བཞིན་དང་ གཞན་མཐོང་ཐོས་དྲན་རེག་གི་ལོ་རྒྱུ་ ག་ཅི་འབད་རུང་ ཡིག་ཐོག་ལུ་འཇམ་ཏོང་ཏོ་འབད་བཀོད་དེ་ ཤུལ་གྱི་མི་རབས་བུ་བརྒྱུད་ཚུ་ལུ་ ལོ་རྒྱུས་སྤེལ་ཚུགས་པའི་དགོས་པ་ཡང་བསམ་ལས་འདས། 

རྒྱ་ནག་གི་ཀོང་ཙེ་འཕྲུལ་རྒྱལ་གྱིས་ སྙན་ངག་མེད་ན་གཏམ་དུ་བྱ་བ་མེད།།ཟེར་གསུང་ཡོདཔ་བཟུམ་ ཤེས་བྱའི་གནས་ལུགས་ལུ་འབད་རྩོན་འབད་མི་ ནང་དོན་རིག་པའི་མཁས་པ་དང་ ཚན་རིག་པ་ གཞན་ཡང་འཇིག་རྟེན་འདི་ནང་ མགས་པའི་མཚན་ཉིད་ལྡན་པའི་མི་སྣ་མང་ཤོ་ཅིག་གིས་ སྙན་ངག་འདི་མཁས་པའི་བྱ་བ་ཀུན་གྱི་ནང་ལས་རབ་དང་དྲག་ཤོ་ཅིག་ཨིནམ་མ་ཚད་ མེད་དུ་མི་རུང་བའི་ཆོས་ཉིད་ཅིག་སྦེ་ངོས་འཛིན་གནང་ནུག། སྙན་ངག་མཁན་གྱིས་ཅི་ཡང་རྒྱན།། ཟེར་སླབ་དོ་བཟུམ་ རང་ལུ་སྙན་ངག་གི་ཡོན་ཏན་ཡོད་པ་ཅིན་ བཤད་བརྗོད་གླེང་གསུམ་གྱི་འདོད་པ་དང་བསམ་བློ་ཚུ་ཁ་གསལ་ ཚིག་བཅད་ཚིག་ལྷུག་སྤེལ་མ་གང་རུང་གི་ཐོག་ལས་ སྙན་ངག་གིས་རྒྱན་ཏེ་ ཀུན་གྱི་རྣ་བར་ཧན་ཏོང་ཏོ་འབད་ གོ་བརྡ་སྤེལ་ཚུགས་ནི་ཨིན་མས་ལགས།། །།