༄༅།། །། འོ་་ཡ་་་་་་་ རླུང་ཚོགས་པའི་གྱང་མེད་ལ་བློ་གསང་ཚུགས་པའི་སྣོད་དཀའ་བས་
སེམས་བསམ་པའི་གཏིང་ནས་ཐོན་པའི་སྙིང་གཏམ་ཚོ་
བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བཞིན་བཤད་ན་ རང་ལ་མིང་གི་རྣམ་གྲངས་མ་འདྲཝ་་་་་་་་་འཇམ་དབྱངས་ཆོས་འཕེལ།
བསྐལ་བཟང་ཚི་རིང་། ངག་དབང་ཆོས་གྲགས། བཅས་གྲངས་མང་ཡོད་ཀྱང་དོན་ལ་ངོ་བོ་གཅིག་མིང་གི་རྣམ་གྲངས་ཡིན་ལ་
གཟུགས་འཛིན་གྱི་མེ་ལོང་ལྟ་བུ་ སྐྱིད་སྡུག་འདྲེས་མའི་ལོ་རྒྱུས་ཁྲ་ལམ་མེ་
གསལ་གྱིལ་ལེ་ རྗེན་ལྷང་ངེར་རེ་ ཡིག་ཆུང་གནག་པོ་གྲལ་དུ་སྦྱོར་ཏེ གཤམ་གསལ་ལྟར་བཀོད་ན།
ཕལ་ཆེར་ལོ་རྒྱུས་དེ་དག་ནི་ རྒྱབ་ཏུ་ངུ་ཤོར་ཞིང་དགོད་བྲོ་བ་དང་
ཡི་མུག་ཅིང་ཞེ་མེར་བ་ བློ་བདེ་ཞིང་སེམས་སྐྱིད་པ་ ཡིད་བག་ཕེབས་ཅིང་ཐུགས་སྤྲོ་བའི་
གསང་བའི་གཏམ་རྒྱུད་དུ་མ་ཞིག་སྦས་ཡོད་པ་ནི་ ཁ་ཡར་དྲག་ལ་ བཤད་འདོད་དང་མིག་མར་བཙུམས་ལ་གླེང་དགོས་པའི་
རེ་བ་གངས་ཀྱི་ཆུ་རྒྱུན་ལྟར་མི་ཆད་པར་མནར་བས་ ད་ནི་བཤད་ཆོག།
ད་བར་དུ་སྐྱིད་སྡུག་གི་ཤུགས་རྐྱེན་ནི་ ཉིན་མཚན་ལོ་ཟླའི་གོམ་འགྲོས་དང་ དབྱར་དགུན་སྟོན་དཔྱིད་ཀྱི་འཁོར་འགྲོས་
ཡར་ངོ་དང་མར་ངོའི་འཕེལ་འགྲིབ་དུས་ཀྱི་ཕོ་ཉའི་ཤུལ་ལམ་དུ་རིམ་ཀྱིས་རྗེས་སུ་འབྲང་བཞིན་ཡོད་པས་
མི་ཚེ་ཀྱི་ལྦ་བ་མཐུག་པོའི་གུར་ ལོ་རྒྱུས་ཀྱི་ཞབས་རྗེས་གསལ་བོ་ཞིག་མི་རྙེད་སྨོས་ཅི་དགོས།
གང་ལྟར་ཡང་ ལོ་ཆུང་བྱིས་པའི་དུས་སུ་ བྱིས་པ་དང་དཔོན་འདྲ་ཞེས་པའི་དཔེ་བཞིན་
སྒོ་ངའི་ནང་གི་སེར་ཐིག་དང་ ཁོག་པའི་དང་གི་སྙིང་ཐིག་ མིག་ནང་གི་ནག་ཐིག་ལྟར་ ཕམ་སྤུན་ཚུས་གཅེས་པར་སྐྱོང་བཞིན་པའི་ཕྲུག་གུ་ཞིག་ཡིན།
རང་ནི་ཆུང་དུས་སྣང་མེད་ཀྱི་སོན་བཏབ་ དགའ་བའི་དོར་བསྡེབས་ སྐྱིད་པའི་ཐོང་བཙུགས་
སྤྲོ་བའི་ཆུ་བླུགས་ཏེ་ལང་འཚོའི་དུས་ཚོད་ཀྱི་སྨྱུ་གུ་སྔོན་མོ་ཡིད་དུ་འོང་པོ་ འཁྲུངས་ནས་སྡོད་བཞིན་དུ།
མི་ཚེ་ཉེ་འཁོར་གྱི་བརླབ་བྱའི་གཏམ་ཕྲེང་སྨྲ་བ་ལ་
བུ་ཆུང་གི་འགྲམ་པར་འོ་ཞིམ་པོའི་བྲོཝ་མྱོང་བ་ལྟར་ཅི་ནས་ཀྱང་སྙན་པའི་ཚིག་རྣམས་ བརྩེ་བའི་མིག་མཐར་དགའ་བའི་མཆི་མ་འཁོར་བཞིན་བཟང་པོའི་བརླབ་བྱ་ངག་གི་སྒོ་མོ་ནས་རང་ལ་
གསལ་པོར་གསུངས་མཁན་དྲིན་ཆེན་ཨ་ཕ་དང་ཨ་མ་གཉིས་ལའང་དགའ་ཚོར་བསམ་ལས་འདས།
ད་ནི་མདུན་ལམ་གྱི་མི་ཚེ་བསམ་དུས་ སེམས་ནི་སེར་བ་འབབ་འབབ་
སྙིང་ནི་རྦབ་རྡོ་རིལ་རིལ་ གློ་བ་ལུ་གུ་འབའ་འབའ་ མཆིན་པ་ཐོག་རྒོད་ཡར་ཡར་དུ་གྱུར་ཏེ་
རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར་ཀྱང་ འདུན་བསྐྱོད་ཀྱི་ལམ་དུ་དོན་སྙིང་ལྡན་པའི་གོམ་པ་རེ་སྤོ་བ་ནི་
རྒྱ་མཚོར་འཇུག་པའི་གྲུ་རྫིངས་དང་འདྲ་བར་ སྐབས་རེར་རླུང་ཞི་ཞིང་རླབས་འཇགས་པ་དང་
སྐབས་རེར་གནམ་ས་འོག་བསྒྱུར་པའི་རྦ་ཀློང་དྲག་པོའི་ཁྲོད་དུ་ཞུགས་ཏེ་
འཆི་བ་སྲོག་ལ་ཐུག་པའི་གནས་སྟངས་ལྟ་བུ་དང་འཕྲད་ཀྱང་ རང་ནི་ས་མཐར་འཁྱམས་མ་དགོ་པར་འགྲོ་སའི་ལམ་དང་འཛུལ་སའི་ཁུང་སྟོན་ཞིང་ ལམ་ཁྲིད་མཛད་པ་པོ་དྲིན་ཅན་གྱི་ཕམ་ཡིན་པས་ ཤིན་ཏུ་ནས་བཀའ་དྲིན་ཆེ།
ལས་ཀ་དང་བྱ་བ་ལ་དུངས་པའི་འདུན་མ་སྔོན་དུ་བརྫངས་ཏེ་ གནས་ཡུལ་འདིར་སླེབས་པ་ནི་ ལོ་ལམ་ཟླ་དང་ ཟླ་ལམ་མཚན་གྱིས་བཅད་དེ་
བླ་སློབ་རྣམས་ཀྱིས་ལེགས་པའི་ཡོོོན་ཏན་རྒྱས་པར་བཤམས་པའི་འགྲལ་དུ་འབྱོར་བས་ མིག་ལ་མཆི་མ་འཁྲིགས་པའི་བདེ་སྐྱིད་དང་
ལུས་ལ་བ་སྤུ་གཡོ་བའི་དགའ་སྤྲོ་མྱོང་ཡོད་པས་ བསྐལ་ལྡན་ལས་འཕྲོ་ཅན་རང་གིས་དད་དམ་གཙང་མའི་མོ་གུས་ཀྱི་མེ་ཏོག་བཞད་དེ་
བཀའ་སྤྱད་འཁུར་ནུས་པའི་སྦྲང་རྩི་ཀྱི་བློ་སྤོབས་སྨིན་པའི་འབྲས་བུ་ཡིན་སྙམ་པའི་སྣང་བ་ཤར་རོ།
འཁོར་བ་པའི་བཙོན་རར་གཏི་མུག་ལྕགས་ཐག་གི་ཨ་ལོང་དེ་ལྟ་བུ་ཞིག་རང་གི་སྐེ་ལ་གོན་ནས་ སྦྲང་རྩིས་འཛིན་པའི་བུང་བ་དང་ རྙི་ལ་ཐེབས་པའི་བྱིའུ་དང་བཙོན་ལ་བཀག་པའི་ཉེས་ཅན་ཞིག་དང་འདྲ་བས་
ཕྱོགས་ལས་རྣམ་པར་རྒྱལ་བའི་བྲག་རི་ལ་ ཚེར་མ་བསྣུན་འདོད་རང་ཉིད་འཕུང་བའི་རྒྱུ་ལྟར་
བཟང་ལས་འོ་མའི་མཚོ་ནང་དུ་ ངན་ལས་ཁྲག་གི་ཐིགས་པ་འཕེན་པ་ནི་
བདག་གཞན་གཉིས་ཀའི་འགྲོ་ལམ་ངན་པས་ ཕན་པའི་ལས་དོན་སྤེལ་བའི་ཆེད་
སྤང་བླང་ཆ་ལ་མི་རྨོངས་ཤིང་ བཟང་ལུགས་ཚུལ་བཞིན་སྐྱོང་ལ་མི་ངལ་བར་
རྣམ་དཀར་དགེ་བའི་ལས་ལ་བརྩོན་ཞིང་
བསྟན་དང་འགྲོ་དོན་ཁོ་ན་ལྷུར་ལེན་འདོད་ཀྱི་དམ་བཅའ་བཅས་ གུས་པ་རང་གི་སེམས་ལ་ཅི་འཆར་ཡི་གེའི་གཟུགས་སུ་བཀོད་པ་ལ་
ནོར་འཁྲུལ་འབྱུང་ན་བཟོད་གསོལ་ཞུའོ།།
No comments:
Post a Comment