༆ དི་རིང་མཚན་དགུང་མཚམས་སུ་ ངས་རྨི་ལམ་དུ་ཆར་གདུགས་སྔོན་པོ་ ནམ་མཁའི་ཁ་དོག་ཅན་ལག་ཏུ་བཟུང་ནས་ཡོད་པ་ མི་སུ་ཡིན་ཚོད་དཔག་མ་ཐུབ་པ་ཞིག་མཇལ་བྱུང་། རྨི་ལམ་རྨིས་སྟབས་ དེ་རིང་ང་རང་ཕྱི་ཙམ་གཉིད་ཤོར་འདུག་མོད། ངའི་སྔས་འབོལ་ཟུར་ནས་ང་རང་ཡར་ལངས་བརྩིས་བྱེད་དུས་གྱང་ཐོག་བསྐལ་བཞག་པའི་ཆུ་ཚོད་ལ་ལྟ་ཙམ་བྱས་པས་ནུམ་མོ་ཆུ་ཚོད་ ༡༢ དང་སྐར་མ་ ༣༠ ཡོལ་ཟིན་ཙམ་རེད་འདུག།
ས་ས་མལ་དང་རྡོ་རྡོ་མལ་སྟེང་དུ་ ཁང་པ་གྲུ་བཞི་ཤོ་འདྲའི་ནང་དུ་ ངས་མལ་ས་ནས་མིག་གཉིས་བཙུམ་ཞིང་ལག་གཉིས་སྙིང་ཁར་ཟུམ་ནས་ མི་འདི་སུ་ཡིན་ནམ་སྙམ་ནས་ བསམ་བློ་སྒོར་མོ་རྔ་འདྲ་བ་འཆར་དུས་ ཕྱོགས་དང་མཚམས་གང་ནས་བལྟས་ཀྱང་། ལྷམ་མེར་བཀྲ་ཞིང་ལྷང་ངེར་གསལ་བའི་རྨི་ལམ་གྱི་ལོ་རྒྱུས་ཀྱི་མུ་ཏིག་འདི་ནི། སྐྱེས་རབས་ཀྱི་ཕྲེང་ཐག་བཞིན་ གླེགས་བམ་གྱི་གཏོས་སུ་བརྩིགས་མ་མྱོང་ནའང་ སེམས་ཀྱི་དཀར་ཆག་ཏུ་ངེས་པར་སྡེབ་པས་ ལོ་རྒྱུས་བརྗོད་ཀྱིན་འདོད་ཀྱང་ ཆར་གདུགས་ལག་པར་འཛིན་མཁན་སུ་ཡིན་མ་རྟོགས་པས་བརྗོད་པ་ཚིག་ཀྱི་མཐའ་དང་འབྲལ།
དེ་ནས་ཡུན་མ་རིང་གི་རྗེས་སུ་ སླར་གཉིད་ཁུག་པའི་མཆེད་དུ་ ཡང་ནས་ཡང་དུ་ མིག་བཙུམ་ནའང་ གཉིད་ཀྱི་ལྷ་མོའི་སྦྱིན་རླབས་མི་སྣང་བར་འགྱུར་ཞིང་ ཚལ་སྔོན་གྱི་འབུ་ཉི་དྲོད་ཚ་བའི་འོག་ཏུ་སྡུག་བསྔལ་མྱོང་པ་ནང་བཞིན་འགུལ་འགུལ་བྱེད་ནས་སྡོད་དགོས་འབྱུང་།
དེ་ཙ་ན་ ཕྱོགས་བཞི་སྤྲིན་གྱིས་འཐིབས་ནས་ མཐའ་འཁོར་ནག་ཁུང་གསེབ་ན་ ཤེལ་ལས་གསལ་བའི་གློག་སྐས་བརྒྱུད་ནས་ གཡུ་འབྲུག་སྔོན་མོའི་སྐད་ཤུགས་ཆེ་རུ་གཏོང་བས་ གློ་བུར་དུ་ཆར་བ་ཤག་ཤག་བབས་བྱུང་།དངོས་ཡོད་ཀྱི་སྲང་ལམ་འདི་ལ་མཚོན་ན་འུར་ཟིང་གི་སྐད་སྒྲ་ཤག་སྒྲ་རུ་བསྒྱུར་པ་ཙམ་ལས་ཅི་ཡང་མིན། དེས་ན་ གཉིད་ལ་ཡིད་སྨོན་བྱེད་པ་ནི་ ཉིན་དགུང་གི་སྐར་མ་དང་མོ་གཤམ་གྱི་བུ་ལྟ་བུའི་དུས་སྐབས་དང་འདྲ་བས་ མལ་ལས་སློང་རྗེས་ བཛྲ་གུ་རུ་གྲངས་མེད་བཟླས་བཞིན་མཚན་མོའི་ཡུན་ཚད་ནི་རྫོགས་སོ།། །།
No comments:
Post a Comment