རྩོམ་པ་པོ-ཧེ་ལན་ཀི་ལཱར།
༆ མཁས་པ་སྔ་མ་བཟང་།། བསྟན་བཅོས་ཕྱི་མ་ཕན།། ཟེར་བའི་དཔེ་བཟུམ་ སྤྱི་ལོ་ ༡༩༠༣ གྱི་ལོར་ ཧེ་ལན་ཨ་ཌམ་ཀི་ལཱར་མཆོག་གིས་ མོ་རའི་མི་ཚེ་གི་སྐོར་ལས་གསལ་བཀོད་འབད་དེ་ ངེའི་མི་ཚེ་གི་ལོ་རྒྱུས་ ཟེར་མི་དཔེ་དེབ་འདི་གསར་རྩོམ་འབད་ནུག། མཁས་པ་མང་ཤོས་ཀྱིས་ མོ་གི་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ལུ་ངལ་རངས་པའི་ ཆེ་བརྗོད་དང་བསྔགས་བསྟོད་འབད་དེ་ཡོས་སུ་གྲགས་ནུག། དེ་བཞིན་འཛམ་གླིང་ནང་ལུ་ སྙན་སྔག་མཁན་གྱི་གྲངས་སུ་ ད་ཚུན་གྱི་བར་ཡང་ཡོངས་གྲགས་སྦེ་རྩིས་འདི་རང་ཡོདཔ་ཨིན། ཧེ་ལན་མོ་རང་ སྐྱེ་ས་འདི་ ཨ་མི་རི་ཀའི་ས་གནས་ཨཱ་ལ་བཱ་མ་གི་མངའ་འོག་ ཏཱས་ཀུམ་བི་ཡ་ཟེར་སར་སྐྱེས་རུང་ སྦོམ་ས་འདི་ཆོས་ཡོན་ཏན་ལྷབ་པའི་རྐྱེན་གྱིས་ ས་གནས་འཐདམ་འཐད་ཁར་ལས་ཕར་ཕོཝ་རྒྱགས་ནུག།
དཔེ་དེབ་འདི་ནང་ མོ་རང་མངལ་ལས་སྐྱེས་པའི་རྗེས་སུ་ མཐོ་སློབ་ཀྱི་ཡོན་ཏན་མཐར་མ་འཁྱོལ་ཚུན་གྱི་སྐོར་ལས་བཀོད་འདུག། མོ་རང་འཛམ་གླིང་ནང་མིའི་ལུས་རྟེན་བླངས་རུང་ ཚེ་ཧེ་མའི་ལས་ཀྱིས་ རི་བོང་ལུ་གཅན་གཟན་གྱིས་སྡེར་ཞ་འཕང་པ་ལྟ་བུ་ སྐྱེས་ཏེ་ཟླ་ངོ་ ༡༨ ལངས་མ་ལངསམ་ཅིག་ལས་ ལུས་ལུ་ནད་གཞི་སྡུག་ཅན་ཅིག་གིས་འཛིན་སྟེ་ སྨན་བཅོས་དང་ཐབས་ཤེས་ག་བཟུམ་བསྟོན་རུང་ བཅོ་མ་ཚུགས་པར་ དྲུང་ཚོ་དང་ཕམ་སྤུན་ཆ་ག་ར་ མོནི་ཚེ་ལས་འདསཔ་ཐག་འཆོད་པས་ཟེར་སྐྱོ་བས་གདུང་ སྡུག་བསྔལ་གྱིས་མནར་ཏེ་ ཐབས་ཆག་སྡོད་པའི་རིང་ གློ་བུར་དུ་ནད་གཞི་འདི་ལས་མཐར་སོང་ནུག། དེ་བསྒང་ ག་ར་སེམས་དགའ་བའི་མེ་ཏོག་སྔོན་དུ་གཏོར་རུང་ དུས་མཚུང་ལུ་ མོ་གི་ཁ་དང་རྣའི་དབང་པོ་ལུ་ལས་ངན་པའི་བར་ཆད་ཚུབས་ཅན་རང་རྐྱབ་སྟེ་ དགུང་གི་འཁྲི་གདུངས་ལུ་འོད་དང་གཟི་བརྗིད་ཉམས་ ཧན་པའི་སྐད་སྙན་ག་ར་བསུབ་སྟེ་ མི་ཚེ་མུན་པའི་དབྱིངས་སུ་སྐྱོ་སི་སི་འབད་ལུས་སོང་ནུག།
ཉིནམ་འདི་ལས་འགོ་བཟུང་ མཛེས་པ་བལྟ་ན་སྡུག་པ་དང་ ཐོས་པ་མ་རིག་མུན་བསལ་གྱི་སྣང་བ་ཐ་དག་ མོའི་མི་ཚེ་ལུ་ ཆུ་དང་མེ་བཟུམ་ཐལ་རུང་ འབྲི་ཀློག་སྒྲ་དང་རིག་པའི་ས་བོན་ཨིན་པའི་ངོས་ལུ་ ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་བཟུང་སྟེ་ འཛམ་གླིང་ནང་མཐོང་ཐོས་རེག་མྱོང་གསུམ་གྱི་ཡོན་ཏན་ཐམས་ཅད་སེམས་ཀྱི་ཀློང་དུ་འཕྲོད་དེ་ ལྷན་སྐྱེས་ཚོར་བའི་རི་མོ་ཡོགས་རྫོགས་ རྒྱ་ཤོག་དཀར་པོའི་ངོས་འཇམ་ངོས་ལ།། ཡིག་ཆུང་ནག་པོ་འགྲལ་ལ་བཙུགས་ཏེ་ ཤེས་བརྗོད་འཇུག་གསུམ་གྱི་སྣེ་ཟིན་སྡོད་ནུག། དེ་ཡང་ཆུང་ཀུའི་བསྒང་ཆོས་སྦྱང་བརྩོན་འབད་ནི་ལུ་ གཞན་དང་མ་འདྲ་བའི་དཀའ་སྤྱད་དང་དུ་བླང་། གཉིད་སྲང་ལ་འཇལ། ལྟོ་ཚད་ལ་ཕབ་སྟེ ལྷབ་བྱའི་གནས་ལུ་ལྷུར་བརྩོན་གློགས་འཁྱུག་པ་མཚུངས་བའི་སྟོབས་ཀྱིས་ སྙིང་ལ་རུས་པ་ཡོད་ན།། ལྕགས་ལ་འབྲས་བུ་སྨིན།། ཟེར་དོ་བཟུམ་དཀའཝ་སྤྱད་དེ་ཤེས་ཡོན་ལྷབ་པའི་བཀྲིན་ལུ་ བསྔགས་འོས་པའི་སྐྱེ་བུ་གཅིག་ལུ་འགྱུར་ནུག།
འདི་བཟུམ་འབྱུང་དགོ་མི་འདི་གཙོ་བོ་གཅིག་ སྔོན་ལས་ཀྱིས་འཛོམས་པའི་སློབ་དཔོན་ཨེན་ནི་སུ་ལི་ཝན་གྱི་ སྐུ་དང་དྲིན་ཡང་ཨིནམ་ལས་ གཅིག་བཤད་སེམས་ལ་བཞག་ན།། བརྒྱ་བཤད་མདུད་པ་སྒྲོལ་ཐུབ་པའི་དོན་ཡང་ངེས་བདེན་ཨིན་པས། ཧེ་ལན་གྱིས་འ་ནི་བཟུམ་ཅིག་འབད་ཚུགས་མི་ལུ་བལྟ་བ་ཅིན་ སྒོམ་ན་སླར་བ་མི་འགྱུར་བའི།། དངོས་འདི་གང་ཡང་ཡོད་མ་ཡིན།། ཟེར་དོ་བཟུམ་ འབད་དང་མ་འབད་ཀྱི་ཁྱད་པར་རང་ཨིན་པས། སློབ་པའི་སྡུག་བསྔལ་ཡུད་རྩམ་སྟེ།། རྨོངས་པའི་སྡུག་བསྔལ་ཇི་སྲིད་དོ།། ཞེར་གསུངས་ཡོདཔ་བཟུམ་ ལྷབ་སྦྱང་ལུ་སྤྲོ་བ་དང་ དང་འདོད་མེད་པ་ཅིན་ རང་གིས་འབད་ཚུགས་པའི་དབང་ཡོད་རུང་དོན་འགྲུབ་མི་ཚུགས་ནི་ཨིན། ཉི་མ་ཤར་ན་ས་གཞི་གསལ།། ཆོས་ལ་བརྩོན་ན་ཤེས་རྒྱ་རྒྱས་ཟེར་བའི་དོན་ལྟར་ ཡོན་ཏན་གྱི་ཨ་ལོང་ལུ་ བརྩིན་འགྲུས་ཀྱི་ལྕགས་སྐྱུ་མཐུད་ཚུགས་པ་ཅིན་ འབད་བའི་ལཱ་ལུ་ཤུལ་འདི་ངེས་པར་དུ་འབྱུང་སྲིད་ནི་ཨིན་པའི་དོན་ཡང་ རྩོམ་པ་པོ་མོ་གི་ དཔེ་དེབ་ ངེ་གི་མི་ཚེའི་ལོ་རྒྱུས་ལས་ ཧ་གོ་ཚུགས་པས།། །།
No comments:
Post a Comment