༄༅།། བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ དུས་གསུམ་རྒྱལ་བ་ཀུན་གྱི་ཞིང་ཁམས་དབྱེར་མེད་མཚུངས་པའི་འབྲུག་ཡུལ་ནང་ ཚེ་ཧེ་མའི་ལས་དབང་གི་རྒྱུ་རྒྱ་ཆེ་བས་ད་རེས་རང་ཡང་མི་ལུས་རིན་ཆེན་བརྙེད་པའི་ཡུལ་ སྔོན་ལས་འཕྲོའི་རྐྱེན་གཏིང་གཟབ་པས་སྐྱིད་པའི་བཟའ་ཚང་དུ་འཛོམས་ ལྷག་པར་དུ་ཕུན་ཚོགས་ཀྱི་ཕྲིན་ལས་མངའ་ཐངས་རྒྱས་ཏེ་གནས་འབྱོན་མཁར་ལུང་པ་ལུ་སྐྱེས་ཏེ་ བསྐལ་བ་དང་ལྡན་ཡི།
འབྱོན་མཁར་དགའ་ལྡན་གྱི་གཡུས་འདི་ གངས་ཆེན་རྭ་བས་བསྐོར་བའི་དབུས་ ཕུ་སྟོད་ཡུམ་བཟང་མོ་དང་མདའ་སྨད་སློབ་དཔོན་ཟམ་པའི་བར་ མཐོ་གངས་དཀར་རྩེ་ལས་དལ་གྱིས་འབབ་པའི་གམ་རི་ཆུ་གི་ཉེ་འདབས་ལུ་ ཕན་དང་བདེ་བའི་འབྱུང་གནས་བཀྲིན་ཅན་གྱི་ཚོང་ཚོང་མ་རིན་པོ་ཆེ་ཀྱི་ཐུགས་རྗེ་འབྱིན་རླབས་དང་ འབྲུག་གཞུང་གི་རྒྱབ་བསྐྱོར་ལས་ འཛམ་གླིང་གཅིག་བསྒྱུར་གྱི་འགྱུར་བ་ལྟར་དུ་ ལུང་པ་ཆུང་རུང་རྩྭ་ཆུ་འཛོམས་ཟེར་དོ་བཟུམ་ མཉེ་མཁོ་མཐུན་རྐྱེན་ཚང་ མི་སེར་ཚུ་ག་ར་དགའ་སྐྱིད་ཀྱི་དཔལ་ལུ་སྤྱོད་བཞིན་པའི་ངང་ཡོད།
ལུང་པ་འདི་ཁར་ མི་སེར་སྤྱི་མཐུན་བསོད་ནམས་ལས་ མི་སྡེ་སློབ་གྲྭ་ཅིག་ སྤྱི་ལོ་ ༡༩༩༩ ལོར་ གཞི་བཙིགས་མཛད་ཡོདཔ་དང་ གཞན་ཡང་སོ་ནམ་ལས་ཁུང་ ནགས་ཚལ་ལས་ཁུང་ སྒོ་ནོར་ལས་ཁུང་དང་ སྨན་ཁང་ཆུང་བ་བཅས་ཀྱི་ཡིག་ཚང་ཚུ་ སྤྱི་ལོ་ ༢༠༠༩ དེ་ཅིག་ཁར་ལྷོད་ཅི། དེ་མ་ཚད་ རྒྱལ་ཁབ་ནང་དམངས་གཙོའི་རིང་ལུགས་འགོ་བཙུགས་པའི་ཤུལ་ལུ་ དམངས་གཙོའི་གཞུང་དང་པའི་ངོ་ཐོག་ལུ་ ལུང་པ་འདི་ཁར་ མེད་ཐབས་མེད་པའི་སྣུམ་འཁོར་ལམ་དང་གློག་མེ་ཚུ་ཡང་ལྷོད་དེ་ མུན་བསྐལ་གྱི་གཡུས་བཟུམ་ཐམས་ཆགས་སྡོད་མི་འདི་ གནམ་ནུབ་མོ་ཡང་ཉིམ་ཤར་དོ་བཟུམ་གྱི་གནས་སྟངས་ཤར་ཏེ་ དགའ་བ་དང་སྟབས་བདེ་ཏོག་ཏོ་ཡ་སི།
ཤེས་རིག་གི་ལིའུ།
མི་སྡེ་སློབ་གྲྭ་ཆགས་སའི་ས་གནས་འདི་ ཧེ་མ་མཇུག་མ་གཡུས་ཟེར་སླབ་སྲོལ་ཡོད་པའི་ས་གནས་ཁར་བརྐྱབ་ཡོདཔ་དང་ དེ་ཡང་འབྱོན་ཁར་གཡུས་ཀྱི་མཇུག་ལུ་ སེམས་ཅན་གྱི་མཇུག་མ་བཟུམ་ཡོད་པའི་ས་གནས་ཁར་ཡོད། ང་རང་དྲན་པ་སྨིན་མ་སྨིན་ཅིག་གི་རིང་ ས་གནས་འདི་སྒང་ཏོག་ཅིག་སྦེ་སྡོད་རུང་ ལུང་པའི་ཕམ་ག་ར་གིས་ རང་གི་བུ་གཞིའི་མི་ཚེ་ལུ་ཐུགས་བརྩེ་བས་གོངས་ཏེ་ གུང་པ་རེ་ལས་མི་རེ་རེ་བཅའ་མར་གཏོགས་དགོ་པའི་སྒྲིག་གཞི་བརྩམ་སྟེ་ ལག་ཆ་སྟ་རེ་དང་ཏོག་རྩེ་ གན་ཏི་དང་ལྕགས་ངར་ཚུ་ལག་ལེན་འཐབ་སྟེ་ ད་རེས་ཡོད་པའི་སློབ་ཁང་ཚུ་རྐྱབ་སའི་ཐངས་རྒྱ་ཆེནམོ་ཅིག་ལུ་བཟོ་ཡོདཔ་མ་ཚད་ སློབ་ཁང་ཚུ་ཡང་གནམ་བྱཱར་གྱི་ཤ་མོ་ས་ལས་སྐྱེས་དོ་བཟུམ་ རྐྱབ་གནང་ཡི། སློབ་གྲྭ་འདི་བཟོ་ནི་འགོ་བཙུགས་པའི་ཉིནམ་ལས་ ལུང་པའི་མི་སེར་ཚུ་ དཀའ་བ་ཁྱད་དུ་བསད་ ངལ་བ་དངས་དུ་བླངས་ ལྕི་བ་རྒྱབ་ཏུ་འཁུར་ ཤ་ཁྲག་གཟན་ནུ་བོར་ཏེ་ དཀའ་བ་གྲངས་མེད་དཔྱད་ཡོད་པའི་ལོ་རྒྱུས་ཚུ་ རྒྱ་ཤོག་དཀར་པོའི་ངོས་ལུ་བཀོད་པ་ཅིན་གྲངས་ལས་འདས་སྲིད།
དེ་བསྒང་འགོ་ཐོག་ད་ལྟོ་སློབ་རིམ་བློ་གསར་ལྷབ་ས་དང་ འདི་གི་གཡས་ཧོང་ལུ་ཡོད་པའི་ཁྱིམ་དེ་ལས་ བ་མིན་པ་ཤིང་གི་འོག་ལུ་ཡོད་པའི་སློབ་དཔོན་སྡོད་སའི་ཁྱིམ་གསུམ་ལས་བརྒལ་མེདཔ་མ་ཚད་ གཞུང་གི་ཧོང་ལས་སློབ་ཕྲུག་ཚུ་ལུ་ ལྟོའི་གསོལ་རས་ཡང་མེད། སློབ་ཕྲུགཚུ་ཉི་མའི་ལྟོ་རང་རང་སོ་སོའི་ཁྱིམ་ནང་ལས་འབག་འོང་དོ་ཡོདཔ་ཨིན།
འབྱོན་མཁར་མི་སྡེ་སློབ་གྲྭ་ཆུང་བ་འདི་ སྤྱི་ལོ་ ༡༩༩༩ ལོ་ནང་ འགོ་ཐོག་གཞུང་འབྲེལ་དུ་འགོ་བཙུགས་པའི་སྐབས་ སློབ་དཔོན་གཅིག་དང་སློབ་ཕྲུག་ཁལ་ལྷག་ཙམ་ཅིག་ལས་མེད། གཞན་དལ་གཞི་ང་ཡང་འགོ་ཐོག་སློབ་ཕྲུག་ཚུའི་གྲལ་ལུ་འཛུལ་ནི་གྱི་དཔའ་བཅམ་ཡོད་རུང་ དེ་ཚེ་ལོ་ ༥ རྐྱངམ་ཅིག་ལང་ཡོདཔ་ལས་འཛུལ་གཞུགས་ཀྱི་འགོ་སྐབས་མ་ཐོབ། ཨིན་རུང་ཤུལ་མམ་ཀྱི་ལོ་ སྤྱི་ལོ་ ༢༠༠༠ ལུ་འཛུལ་གཞུགས་འབད་ནི་གི་འགོ་སྐབས་འཐོབ་སྟེ་ ངའི་ཤེས་ཡོན་གྱི་ལམ་འགྲུལ་དེ་ འདི་ལས་འགོ་བཙུགས་ཅི།
ངེའི་མི་ཚེ་ནང་་འབོརན་གསེར་བ་ཕངས་ འབགན་རི་བ་ལྕི་ མནོན་བག་ཆགས་ཆེ་བའི་གནས་ཡུན་འདི་ ང་རང་འབྱོན་མཁར་མི་སྡེ་སློབ་གྲྭ་ནང་སློབ་ཕྲུག་འབད་སྡོད་པའི་ཚོར་བ་ཚུ་ཨིན།
No comments:
Post a Comment